རྕོམ་བསྐུར་ཡུལ།

_______བསིལ་ཆབ།_______ gtsude@yahoo.com
________འོད་ཟེར།_______ woeserg@yahoo.com
_____________________ དེབ་སྐྱེལ་བྱེད་སྟངས་དཀར་ཆག་"དེབ་སྐྱེལ་"ཞེས་པ་མནན་ནས་གཟིགས་རོགས་གནང།

འབྲེལ་ཡོད་ཤེས་བྱ།

དྲ་ཚིགས་གནས་ཚུལ་།

ད་ལྟ་དྲ་ཐོག་འདི་ན་མི་
ཡོད།

Click to get cool Animations for your MySpace profile
ཚེ་སྲོག་གི་འདུར་རྒྱུགས།

བྱ་ཚིག་གི་ཚོགས་ཀྱི་སློབ་ཐུན་གཅིག

བོད་དགེ་ཟུར་བ་འོད་ཟེར་གྱིས།

དེ་རིང་ནས་དགེ་སློབ་གླེང་སྟེགས་ཀྱི་སྡིངས་ཆ་འདི་བེད་སྤྱད་ནས་བོད་ཀྱི་སྐད་ཡིག་ཁྲོད་ཀྱི་བྱ་ཚིག་སྦྱོང་ཐབས་ཀྱི་རྣམ་གཞག་ཅིག་སློབ་ཕྲུག་ཚོའི་ཆེད་དུ་ངོ་སྤྲོད་མུ་མཐུད་ནས་བྱེད་རྒྱུ་ཡིན།

དང་པོ། ཉམས་རྒུད་དང་བེད་མེད་དུ་འགྱུར་བཞིན་པའི་བོད་ཀྱི་བྱ་ཚིག་གི་ཐ་སྙད་སྐོར་གླེང་བ།

བྱ་བའི་ཚོགས་ནི་བོད་ཀྱི་སྐད་ཡིག་གི་གྲུབ་ཆ་གལ་ཆེན་ཞིག་ཆགས་ཡོད་པས་བྱ་ཚིག་གི་འགྲོ་སྟངས་མ་ཤེས་ན་བོད་སྐད་ཡང་དག་པ་ཞིག་ཤེས་ཐབས་མེད་པ་རེད། བོད་ཀྱི་སྐད་ཡིག་གི་ནང་ན་ཐ་སྙད་ཕྱུག་ཤོས་ཡོད་པ་ནི་བོད་ཀྱི་བྱ་ཚིག་གི་ཐ་སྙད་སྐོར་རེད་ཅེས་ལབ་ན་མ་ཆོག་པ་མི་འདུག བོད་ལ་བྱ་བའི་ཚིག་གི་མ་ལྡེང་བའི་དཀའ་ངལ་ཞིག་ད་ལྟ་བར་དུ་བྱུང་མེད་ཚོད་རེད། ཡིན་ཡང་ད་ལྟ་བཙན་བྱོལ་ནང་གཙོ་བྱས་པའི་ཡུལ་ལུང་རེ་འགའི་ནང་བོད་ཀྱི་བྱ་ཚིག་གི་ཐ་སྙད་མང་པོ་བེད་མེད་ནས་རྩ་བརླག་འགྲོ་བཞིན་འདུག མི་རབས་གསར་བའི་དཔུང་ཁག་སྟེ་གཞོན་སྐྱེས་མང་པོ་ཞིག་གི་ཁ་སྣེ་ལྩེ་སྣེ་ན་བོད་ཀྱི་བྱ་ཚིག་གི་ཐ་སྙད་གང་མང་རྩ་བརླག་ཕྱིན་ཡོད་པ་མ་ཟད། བོད་ཀྱི་བྱ་ཚིག་གི་ཐ་སྙད་མང་པོའི་དུས་གསུམ་གྱི་རྣམ་གཞག་བེད་སྤྱོད་བྱེད་སྟངས་དེ་བས་ཀྱང་མགོ་མ་ཚོས་བར་བརྒྱ་གོ་གཅིག་ཆོད་བྱེད་བཞིན་འདུག དེང་སང་བཙན་བྱོལ་ནང་གཙོ་བྱས་པའི་ཡུལ་ལུང་རེ་འགའི་ནང་གི་མི་ཕལ་མོ་ཆེས་བྱ་ཚིག་གི་ཐ་སྙད་༼བརྒྱབ་༽ ཅེས་པ་འདི་བྱ་ཚིག་མང་པོ་ཞིག་གི་ཚབ་ཏུ་བེད་སྤྱད་ནས་བོད་ཀྱི་བྱ་ཚིག་གི་ཐ་སྙད་ཀྱི་འགྲོས་ངོ་མ་དག་བེད་མེད་ནས་རྩ་ཡལ་དུ་འགྲོ་བཞིན་འདུག དཔེར་ན།

བྱ་ཚིག་གི་འགྲོས་ངོ་མ། བྱ་ཚིག་སྟབས་བདེ།
གོམ་པ་སྤོས། གོམ་པ་བརྒྱབ།
གུར་ཕུབ། གུར་བརྒྱབ།
མེ་བསྲེགས། མེ་བརྒྱབ།
སློང་མོ་བསླངས། སློང་མོ་བརྒྱབ།
རི་དྭགས་རྔོན། རི་དྭགས་བརྒྱབ།
རྩིག་པ་བརྩིགས། རྩིག་པ་བརྒྱབ།
ཆར་བ་ཕབ། ཆར་བ་བརྒྱབ།
སྤོ་ལོ་རྩེས། སྤོ་ལོ་བརྒྱབ།
རྩོམ་བྲིས། རྩོམ་བརྒྱབ།
ཆམ་པ་ཕོག ཆམ་པ་བརྒྱབ།
མེ་མདའ་འཕངས། མེ་མདའ་བརྒྱབ།
བསླབ་བྱ་གནང་། བསླབ་བྱ་བརྒྱབ།
བོད་སྐད་བཤད། བོད་སྐད་བརྒྱབ།
ན་ཟུག་ལངས། ན་ཟུག་བརྒྱབ།
རྟ་ལ་སྒ་བསྟད། རྟ་ལ་སྒ་བརྒྱབ།
མཐུ་བཏང་བ། མཐུ་བརྒྱབ།
སོ་བཏབ་པ། སོ་བརྒྱབ།
ཆུ་ལོག་རྒྱུགས། ཆུ་ལོག་བརྒྱབ།
རྭ་བ་བསྐོར། རྭ་བ་བརྒྱབ།
རྔུར་བ་འཐེན། རྔུར་བ་བརྒྱབ།
ལྷན་པ་གླན། ལྷན་པ་བརྒྱབ།
མིག་ལོག་བལྟས། མིག་ལོག་བརྒྱབ།
འཛེར་མ་བརྡབ། འཛེར་མ་བརྒྱབ།
མིག་ཤེལ་མནབས། གྱོན། མིག་ཤེལ་བརྒྱབ།
ལམ་ཁ་བཟོས། ལམ་ཁ་བརྒྱབ།
ཞོ་བསྙལ། ཞོ་བརྒྱབ།
འོད་འཕྲོས། འོད་བརྒྱབ།
ལ་ལུང་བརྒྱུད། ལ་ལུང་བརྒྱབ།
ནད་ལོག་འཕར། ནད་ལོག་བརྒྱབ།
རླུང་གཡུག རླུང་བརྒྱབ།
འུ་ཚུགས་བྱས། འུ་ཚུགས་བརྒྱབ།
རྡོ་ཡིས་བཞུས། རྡོ་བརྒྱབ།
དེབ་ཀྱི་ཁ་བསུམས་པ། དེབ་ཀྱི་ཁ་བརྒྱབ།
ཁ་བ་བབས། ཁ་བ་བརྒྱབ།
སྨུགས་པ་འཐིབས། སྨུགས་པ་བརྒྱབ།
ཞབས་བྲོ་འཁྲབ། ཞབས་བྲོ་བརྒྱབ།
བག་ལེབ་བཟོས། བག་ལེབ་བརྒྱབ།
གད་ཕྱགས་པ། གད་བརྒྱབ་པ།

 

 

 

འདི་ལྟར་བོད་ཀྱི་བྱ་ཚིག་གི་ཚོགས་ཀྱི་ཐ་སྙད་མང་དག་ཅིག་བེད་སྤྱོད་མེད་པ་ནས་རྩ་ཡལ་དུ་འགྲོ་བཞིན་ཡོད་པས་བོད་མི་རིགས་ལ་དུང་ཤ་བཙན་པའི་མི་བུ་ཞིག་ཡིན་ན་བོད་མི་རིགས་ཀྱི་ཐ་སྙད་ཕྱུག་པོ་འདི་དག་གི་ཚབ་ཏུ་བྱ་ཚིག་གཅིག་གི་བརྒྱ་གོ་གཅིག་ཆོད་མི་བྱེད་པར། བྱ་ཚིག་རང་སྟེང་གི་ནུས་པ་འདོན་ཅི་ཐུབ་གནང་རྒྱུ་གལ་ཆེ། གལ་སྲིད་སློབ་ཕྲུག་ཅིག་གི་རྩོམ་རིགས་ནང་དུ་བྱ་ཚིག་གི་ཐ་སྙད་༼བརྒྱབ༽ཟེར་བ་འདི་ལྟ་བུ་ཡང་སྐོར་བསྐྱར་སྐོར་བྱས་ཏེ་རྩོམ་དེའི་མགོ་མཇུག་བར་གསུམ་ཀུན་ཏུ་ཁྱབ་བསྡད་ཡོད་ན། རྩོམ་དེའི་དོན་གཅིག་པའི་སྐྱོན་དུ་འགྱུར་རྒྱུ་མ་ཟད་ཅི་འདྲའི་རྩོམ་ཡིག་ནུས་མེད་ཅིག་ཆགས་རྒྱུ་རེད། སྤྱིར་བརྒྱབ་ཅེས་པའི་བྱ་ཚིག་གི་ཐ་སྙད་འདི་ལྟ་བུ་གཅིག་བུ་བེད་སྤྱོད་རྐྱང་རྐྱང་བཏང་བསྡད་ན། མ་འོངས་པའི་མི་རབས་གསར་བ་ཚོས་བྱ་ཚིག་གི་ཐ་སྙད་མང་པོ་བཀོལ་སྤྱོད་གཏོང་མི་ཐུབ་པར་བརྡ་རྙིང་རྐྱང་རྐྱང་དུ་སེམས་ཀྱི་རེད། དེ་དུས་བོད་མི་རིགས་ཀྱི་སྐད་ཡིག་རང་བཞིན་གྱི་ཉམས་དམས་སུ་གྱུར་ཚར་བ་རེད། དེ་བས་རྒན་དར་གཞོན་གསུམ་ཚང་མས་སྟབས་བདེ་བོའི་ངང་ནས་བརྒྱ་གོ་གཅིག་ཆོད་ཀྱི་ཐབས་ལམ་སྤྱད་ནས་བོད་མི་རིགས་ཀྱི་སྐད་ཡིག་འཐུས་ཤོར་མ་གཏོང་རོགས། ང་ཚོ་ལ་མི་རིགས་ཤིག་དང་རིག་གཞུང་ཞིག་གི་འགན་འཁྲི་ཡོད། ང་ཚོས་མ་འོངས་པའི་མི་རབས་གསར་བ་ཚོ་མིག་དཔེ་བཟང་པོ་སྟོན་དགོས། འདི་ནི་ང་ཚོ་རྒན་པ་ཚོ་དང་དགེ་རྒན་ཚོས་ཁུར་དུ་འཁྲི་བའི་ལས་འགན་ངོ་མ་དེ་ཡིན།

དེ་རིང་གི་སློབ་ཁྲིད་དེ་ཙམ། མུ་མཐུད་ནས་སློབ་ཁྲིད་བྱེད་རྒྱུ་ཡིན།

བྱ་ཚིག་གི་ཚོགས་ཀྱི་སློབ་ཐུན་གཅིག

  • དགེ་སློབ་གླེང་སྟེགས་ནས། དགེ་སློབ་གླེང་སྟེགས་ནས།

    ལྷག་པ་ཚེ་རིང་ལགས། ང་ཚོས་དགེ་སློབ་གླེང་སྟེགས་འདིའི་སྟེང་ནས་བོད་ཕྱི་ནང་གི་དགེ་སློབ་གང་མང་ཞིག་ལ་འབྲེལ་འདྲིས་ཀྱིས་བོད་མི་རིགས་ཀྱི་སྐད་ཡིག་སྦྱོང་སའི་འཛིན་ཁང་ཡག་པོ་ཞིག་བསྐྲུན་པར་ཉམས་མྱོང་ཅན་གྱི་དགེ་རྒན་རྣམ་པ་དང་། ཤེས་ཡོན་པས་དཔུང་ཁག་ཅིག་ལ་རག་ལས་ཡོད་པས། ཚང་མས་འདིའི་ཕྱོགས་ལ་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་ཡོང་བར་ཞུ།

  • lhakpa tsering lhakpa tsering

    ཁྱེད་རང་གིས་གསུངས་པ་དེ་ཐུགས་བདེན་པ་རེད། དེང་སྐབས་གཏང་དང༌། བྱེད། རྒྱབ། གནང་སོགས་སྤྱི་པའི་བྱ་ཚིག་རིགས་གཅིག་རང་བཀོལ་ནས་བྱ་བ་གང་དང་གང་མཚོན་པའི་ཐུན་མིན་གྱི་བྱ་ཚིག་རྣམས་བོད་མིའི་ལྕེ་སྟེང་ནས་རིམ་གྱིས་ཡལ་འགྲོ་གི་འདུག དེ་བྱས་པས་འབྲས་བུར་སྐད་ཡིག་དབུལ་བ་དང༌། འབྲི་རྩོམ་བྱེད་སྐབས་དོན་མེད་ཀྱི་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད། འབོད་ཅེས་པའི་ཚབ་ཏུ་སྐད་གཏོང་ཞེས་བཀོལ་རྐྱང་བྱེད་ན་ཉིན་གཅིག་འབོད་པའི་ཁ་ལས་རྩ་བརླགས་ཕྱིན་ནས་བྱ་ཚིག་གཅིག་ཉུང་དུ་ཕྱིན་པ་ཙམ་དུ་མ་ཟད་རྩོམ་འབྲི་སྐབས་དཀའ་ངལ་འཕྲད་ངེས་རེད། དཔེར་ན། ང་ཡིས་ཁོང་རྣམས་འདི་རུ་བོས༎ ཞེས་སྐད་ཅེས་པའི་ཚིག་མ་སྦྱར་པར་ཡང་བོས་གཅིག་པོ་བཀོལ་ནས་ཚིགས་བཅད་རྐང་པ་བདེ་བར་འབྲི་ནུས་ལ། དེའི་ཚབ་ཏུ་གཏོང་བཀོལ་ན། ང་ཡིས་ཁོང་རྣམས་འདིར་སྐད་བཏང༌༎ ཞེས་སྐབས་དགོས་མེད་ཀྱི་སྐད་ཅེས་པའི་གཅིག་བསྣན་དགོས་པ་དང༌། ཚིགས་བཅད་ཀྱི་ཆ་ཡའི་གཅོད་མཚམས་མི་བདེ་བ་འདི་འབྱུང་བ་ཡིན་ནོ༎

    ཞེས་གང་དྲན་དུ་ཞུས་པ་ཡིན

  • དགེ་སློབ་གླེང་སྟེགས་ནས། དགེ་སློབ་གླེང་སྟེགས་ནས།

    བཀུར་འོས་པའི་དགེ་རྒན་རྣམ་པ་དང་ན་གཞོན་སློབ་ཕྲུག་སུ་ཡིན་ཡང་བྱ་ཚིག་གི་ཐ་སྙད་བེད་སྤྱོད་བྱ་ཐབས་འདིའི་སྟེང་ལ་བགྲོ་གླེང་དང་དོ་སྣང་བྱེད་པར་རྗེས་སུ་ཡི་རང་ཞུ།

visitors