ཚད་ལྡན་གྱི་དགེ་རྒན་ལ་དཔྱད་པ།ཧ་པ་སྤུར་དབུས་བོད་སློབ་ཀྱི་བོད་ཆོས་ཟུང་དགེ་དགེ་བཤེས་བློ་ལྡན་ནས། དེང་སྤྱི་ཡོངས་ནས་བོད་རིགས་སློབ་གྲྭ་ཁག་གི་ཤེས་ཡོན་ཉམས་ཆག་ཕྱིན་དང་འགྲོ་ མང་པོ་ཞིག་གི་ངག་ནས་ཕྱུང་བའི་དགེ་རྒན་ཚད་ལྡན་ཞེས་པ་དེའི་དོན་ཅི་འདྲ་ཞིག་འཇོག་དགོས་པ་དང་ཚད་ཇི་ཙམ་ཞིག་ལོང་དགོས་པ་དེ་ནི་བདག་གིས་བསམ་ཚོད་ཀྱིས་འཆད་འདོད་པའི་གནད་དོན་འགངས་ཆེ་བ་ཞིག་ཡིན། དེ་ལ་དང་པོ་སྤྱིར་དགེ་རྒན་ཚད་ལྡན་ཞེས་པ་ནི། ཤེས་ཡོན་སྤྲོད་ཐབས་ལ་མཁས་པ་གང་ཞིག་སློབ་ཁྲིད་ཀྱི་བྱ་བར་ངང་གིས་སྤྲོ་བ་བརྟས་ཤིང་རྣམ་འབྱེད་ཀྱི་ཤེས་རབ་དང་ལྡན་པ་ཞིག་ལ་གོ་དགོས་པར་སེམས། གཉིས་པ་ཚད་ལྡན་གྱི་དགེ་རྒན་དེ་ཚད་ཅི་འདྲ་ཞིག་ལོང་དགོས་སམ་ཞེ་ན། རང་གི་སློབ་མ་ལས་ཡོན་ཏན་ལྷག་པ་དང་ལྡན་པ། ཁྲིད་བྱའི་སློབ་ཚན་གྱི་བརྗོད་བྱེད་ཚིག་གི་དོན་རྣམས་ཡང་དག་པར་རྟོགས་པའི་སྤོབས་སེམས་ལྡན་པ། བརྗོད་བྱེད་ངག་གི་སྒྲ་དག་ཅིང་གསལ་ལ་སློབ་མའི་རང་ཁམས་དང་བསྟུན་ཏེ་འཁྲིད་མཁས་པ། སློབ་མས་དྲི་བ་ཇི་འདྲ་ཞིག་འདོན་ཡང་སྐྱོ་ངལ་མེད་པར་དང་ལེན་བྱེད་དཔའ་བའི་རང་བཞིན་དང་ལྡན་པ། ཕྱི་ལུས་ངག་གི་སྤྱོད་ཚུལ་རྣམས་ཡིད་དུ་འཚམ་ཞིང་བཀུར་འོས་ཀྱི་རང་བཞིན་དང་ལྡན་པ། རང་ཉིད་རྟག་ཏུ་རིག་གནས་སློབ་པར་སྤྲོ་བས་འབུང་ཞིང་གཞན་སློབ་མར་ཤེས་ཡོན་སློབ་གསོ་སྤྲོད་ཐབས་མཁས་པ། རང་དགེ་རྒན་ཡིན་པ་གསལ་པོར་ངོས་འཛིན་ཏེ་རྟག་ཏུ་ཚུལ་ཁྲིམས་ཀྱི་སྤྱོད་ཚུལ་ལ་གནས་པ། གཡོ་ཟོལ་སྤངས་ཏེ་ཡིད་དྲང་ལ་སྨྲ་མཁས་པའི་སྒོ་ནས་སློབ་མ་འདུལ་སྦྱོང་ཐུབ་པའི་རང་བཞིན་དང་ལྡན་པ་བཅས་ནི། ཚད་ལྡན་དགེ་རྒན་ཞིག་ལ་ཆ་མཚོན་ན་མེད་དུ་མི་རུང་བའི་དགོས་ངེས་ཀྱི་ཆ་རྐྱེན་རྣམས་ཡིན། གོང་གསལ་ཚད་ལྡན་དགེ་རྒན་གྱི་ཆ་རྐྱེན་དེ་དག་ནི་སྤྱིར་དེང་གི་དུས་སུ་ཤེས་ཡོན་རྭ་བའི་ཁོར་ཡུག་ཏུ་རང་གི་སློབ་མ་དང་ལྷན་དུ་རྟག་ཏུ་འགྲོགས་པའི་དགེ་རྒན་ཡོད་ཚད་ལ་ཁྱབ་པའི་མཐུན་མོང་བའི་ཁྱད་ཆོས་ཞིག་ལས་ཐེག་ཆེན་གྱི་གཞུང་ནས་བཤད་པའི་དགེ་རྒན་གྱི་མཚན་ཉིད་བཅུ་དང་ཕྱོགས་ཡོངས་ནས་གཅིག་མཚུངས་ཤིག་མ་ཡིན། དེས་ན་ཤེས་ཡོན་སློབ་སྦྱོང་བྱ་ཡུལ་བསྟི་གནས་གང་ཞིག་ཏུ་ཁྱད་ཆོས་དེ་ལྟ་བུ་ཚང་བའི་དགེ་རྒན་ཇི་ཙམ་མང་བ་དེའི་ཚོད་ཀྱིས་ཤེས་ཚད་ལོང་བའི་སློབ་མ་ཡང་གྲངས་ཀྱིས་མི་ལངས་བ་སྐྱེས་སྲིང་བྱེད་ཐུབ་པ་ནི། ཚད་མའི་གཞུང་ལས། མ་ཚང་མེད་རྒྱུ་དེ་ལ་ནི། འབྲས་བུ་གང་གིས་ལྡོག་པར་བྱེད། ཅེས་གསུངས་པ་ལྟར་རྒྱུ་རྐྱེན་རྟེན་འབྲེལ་ཚང་བའི་ཆོས་ཉིད་ཀྱི་སྟོབས་ཀྱིས་བྱུང་བ་ཞིག་ཡིན་པས་ཚན་རིག་གི་ལྟ་གྲུབ་དང་ཡང་ཕྱོགས་ཀུན་ནས་མཚུངས་པ་ཉིད་དོ།། །། Comments are closed. |
||
|
Copyright © 2010 དགེ་སློབ་གླེང་སྟེགས། - All Rights Reserved |
||
མཆན་མང་ཤོས་ཀྱི་རྩོམ།