ཕ་སྐད་ཀྱི་སྐྱོ་གདུང།བོད་ཁྱིམ་གོ་པལ་པུར་སློབ་གྲྭའི་སློབ་བུ། ཀུན་དགའ་ཚེ་རིང་གིས། བོད་ཁྱིམ་སེ་ལ་ཀུའེ་སློབ་གྲོགས་ཚོའི་སྐད་སྒྲ་ཐོས་རྗེས། དོ་དགོང་ང་ཆེས་གཏིང་ཟབ་པའི་ཚོར་བ་ཞིག་གིས་བཟི་སོང་། ངས་རེ་བའི་འོད་སྣང་འཕྲོ་སའི་སྤུན་གྲོགས་ཚོས་ཡུལ་གྱར་ན་རང་གི་ཆེས་རྩ་ཆེ་བའི་རིག་གཞུང་དང་ཁ་ཐག་ཇེ་རིང་དུ་གྱེས་བཞིན་འདུག མི་རབས་ཤིག་གིས་མི་རིགས་ཤིག་གི་ལས་དབང་བརྗེད་ངེས་རྐུན་པོས་འཁྱེར་གྱིན་པ་གྱིན་པ་དྲན་གི་འདུག རང་གི་བདེ་སྐྱིད་ལྡན་པའི་ཕ་ས་ཕྱུག་མོའི་དྲོད་འཁོལ་དེའི་མྱོང་བ་ཡལ་བར་འཇིགས་སྣང་གི་དྲག་རླུང་འཚུབ་པས། ཕ་ས་དང་ཕ་སྐད་བརླག་ལ་ཉེ་བའི་མི་རིགས་འདིའི་འབྱུང་འགྱུར་གྱི་ལམ་བུ་དེ་བསུབ་པར་ཞེད། ཁོ་ཚོའི་མདུན་ཕྱོགས་ཀྱི་ཁ་ལོ་འཆུག་འགྲོ་བར་སྐྲག ཕ་སྐད་ཅིས་ཀྱང་དྭངས་གཙང་ལྷད་མེད་ཅིག་ཡིན་དགོས་སྙམ། ཕ་ས་གཏན་དུ་གནས་མལ་དྲོན་མོ་ཞིག་ཡིན་པར་བསམ། སྐད་ཡིག་ནི་མི་རིགས་ཤིག་གི་བླ་སྲོག་ཡིན་ལ་དེར་ཆེས་ཐུན་མོང་རང་བཞིན་གྱི་རིག་གཞུང་ཞིག་འཐིམ་ནས་ཡོད། རིག་གཞུང་ཕྱུག་པོ་དེ་སྐད་ཡིག་རླབས་ཆེན་དེར་ཁ་བྲལ་ཐབས་མེད་པས། ང་ཚོའི་རིག་གཞུང་འདི་མུ་མཐུད་དུ་གསོན་པོར་གནས་དགོས་ན། སྤུན་གྲོགས་ཚོ། ཕ་སྐད་དྭངས་མ་དང་ཕ་ས་ཕྱུག་མོ་དེ་དུས་གཏན་དུ་རང་ཉིད་དང་བྲལ་མེད་ཅིག་ཡིན་དགོས། དེ་བས། རེ་བའི་བུ་རྒོད་ཚོ། དུས་རབས་འདིར་བསྟུན་དགོས་པ་བདེན་མོད། བསྟུན་མཁས་བྱེད་མ་ཤེས་ན་དེའང་བླུན་པོའི་བྱ་སྤྱོད་ཅིག་མ་རེད་དམ། ང་ཚོས་རང་སྐད་ཅིའི་ཕྱིར་རྒྱ་ཁྱབ་དང་དར་སྤེལ་དུ་གཏོང་མ་ཐུབ་པ་རེད། ངས་བལྟས་ན་ང་ཚོ་ནུབ་ཕྱོགས་པའི་རྐང་རྗེས་ཉུལ་བཞིན་པ་ལས་རང་ཉིད་ཀྱི་རྩིས་ཐང་ལ་བདག་པོ་བརྒྱག་ཐུབ་ཀྱིན་མི་འདུག འདི་ལྟར་བསམ་ཚེ། ཕ་སྐད་ཀྱིས་ང་ཚོར་ཕན་མ་ཐོགས་པ་རེད་དམ་ང་ཚོས་ཕ་སྐད་བེད་སྤྱོད་དང་བཀོལ་མ་ཤེས་པ་རེད། མནོ་བསམ་ཞིབ་མོ་ཞིག་གི་ལྟོང་ཁ་ནས་རང་སྐད་ལ་བརྩི་མཐོང་དང་ཡིད་འཕེར་མེད་པའི་མི་རབས་གསར་བའི་ན་ཆུང་བྱིས་པ་ཚོ་དང་ཁོང་ཚོའི་རྒྱལ་ཁབ་ཀྱི་ལས་དབང་དྲན་འོངས། དེའི་སྟབས་ཀྱིས་ཕ་སྐད་ལ་མཐོང་ཆེན་དང་བཀོལ་སྤྱོད་ཇེ་ཆེར་གཏོང་དགོས་པར་སྙམ། ད་ནས་བཟུང་། ང་རང་ཉིད་ནས་འགོ་བཙུགས་ཏེ་ཕ་སྐད་གཙང་མ་དག་མ་ཞིག་བརྒྱག་རྒྱུ་ཡིནལ་ཕ་ས་ཡིད་ལ་བཅངས་ནས་སྤུན་ཟླའི་རང་དབང་དྲན་རྒྱུ་ཡིན།
ཕ་སྐད་ཀྱི་སྐྱོ་གདུང། |
||
|
Copyright © 2010 དགེ་སློབ་གླེང་སྟེགས། - All Rights Reserved |
||
སྙིང་རྗེ་བོ་ཞིག་བྲིས་འདུག རེ་བ་ཆེན་པོ་འདུག་སྙམ།