མིའི་རིགས་ཡར་རྒྱས་ཀྱི་འགག་རྡོ་གཙོ་བོ།རེ་མདོ་སེངྒེ༌། ༄༅།། མིའི་འགྲོ་བའི་ཉིན་མཚན་དུས་དྲུག་གི་བྱེད་སྒོ་ཕལ་མོ་ཆེ་རང་ཉིད་དང་སྤྱི་ཚོགས་ཧྲིལ་པོ་ཡར་རྒྱས་ལ་བསྙེགས་པའི་གོམ་སྟབས་ཀྱི་ཆ་ཤས་སུ་བསམས་ནས་སྤེལ་གྱི་ཡོད་པ་བཤད་མ་དགོས། འོན་ཀྱང་བྱེད་ཐབས་ཀྱི་ཁྱད་པར་དང་གོམ་སྟབས་མགྱོགས་བུལ་གྱི་དབང་གིས་གྲུབ་འབྲས་ལ་མ་འདྲ་བའི་ཁྱད་པར་སྣ་ཚོགས་འབྱུང་བཞིན་ཡོད། གང་ལྟར་མིའི་འགྲོ་བ་ཡོད་དོ་ཅོག་ཡར་རྒྱས་ལ་དགའ་བ་རྩོད་མེད་གཅིག་མཚུངས་ཡིན་པར་མ་ཟད། ཡར་རྒྱས་ཀྱི་དགོས་དོན་ཡང་བདེ་སྐྱིད་འདོད་བློ་ཁེངས་པ་ཞིག་ཐོབ་པའི་ཆེད་དུ་ཡིན་པ་རྩོད་པ་མེད། དེར་བརྟེན་ང་ཚོས་དམིགས་དོན་དུ་བཞག་པའི་ཡར་རྒྱས་ལ་སྙེགས་ཐུབ་པའི་ཐབས་ཤེས་ཀྱི་རིམ་པ་ཆེ་ཕྲ་ཡོངས་རྫོགས་དམིགས་དོན་དེའི་འགལ་རྐྱེན་དུ་མ་སོང་བ་ཞིག་ངེས་པར་ཡིན་དགོས། ཚོར་རྟག་ཏུ་འཕྲད་པའི་ཉེན་ཁ་ཆེ་ཤོས་ཤིག་ནི་བསྒྲུབ་བྱ་དང་བྱེད་ཐབས་གོ་ལྡོག་གམ་འབྲེལ་མེད་དོན་གཞན་དུ་གྱུར་པ་ཡིན་པས། རྒྱ་གར་གྱི་སློབ་དཔོན་ཆེན་པོ་ཞི་བ་ལྷས། བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །སྡུག་བསྔལ་འདོར་འདོད་བློ་ཡོད་ཀྱང་། །སྡུག་བསྔལ་རྒྱུ་ལ་མངོན་པར་རྒྱུག །ཅེས་པའི་མན་ངག་རྟོག་དཔྱོད་ཀྱི་གཞི་རྩར་འཛིན་ཐུབ་པ་བྱེད་དགོས། འདོད་པའི་ཡར་རྒྱས་དང་བདེ་སྐྱིད་ཀྱི་སྒྲུབ་པའི་ཐབས་ལ་མི་རྨོངས་པ་དགོས་པའི་གནད་ཀྱིས་ཤེས་ཡོན་སློབ་སྦྱོང་ཀུན་གྱིས་གལ་གནད་དུ་འཛིན་པའི་གནས་བབ་འདི་བྱུང་། བོད་ཀྱི་ལོ་རྒྱུས་ནང་གནའ་ནས་ད་བར་ཕུལ་དུ་བྱུང་བའི་མཁས་དབང་ཇི་སྙེད་ཕེབས་མྱོང་བར་མ་ཟད། ཁོང་དག་གི་རྣམ་དཔྱོད་ཀྱི་མཁྱེན་རྩལ་འཛམ་གླིང་གི་མཁས་པ་སུ་འདྲ་ཞིག་དང་མཚུངས་བསྡུར་བྱས་ཀྱང་གཉའ་དམའ་མི་དགོས་པའི་ཚོད་དུ་ཡོད་པ་ལེགས་བཤད་བཀའ་རྩོམ་དག་ལས་གསལ་བར་རྟོགས་ནུས། འོན་ཀྱང་བོད་མི་སྤྱི་ཡོངས་ཀྱི་ཆ་ནས་ཉིན་རེའི་ལྟོ་གོས་ངན་ངོན་ཙམ་གྱིས་ཆོག་ཤེས་པ་ལྟ་བུས་ཤེས་ཡོན་སློབ་སྦྱོང་ལ་དོ་སྣང་གཏན་ནས་མི་བྱེད་པར་མ་ཟད། ཕལ་མོ་ཆེ་ཆོས་མིན་སྲིད་མིན་གྱི་ཤིན་ཏུ་ཡ་ང་བའི་འཚོ་གནས་ཀྱིས་རང་གི་མི་ཚེའི་བགྲང་ཕྲེང་ཟད་པར་བྱེད། བསམ་བློའི་གོ་རྟོགས་ཤིན་ཏུ་དམའ་བའི་གནས་བབ་འདིས་རྐྱེན་པས་གནས་སྟངས་མང་པོ་ཞིག་གི་ཐོག་ནས་གཞན་པའི་རྗེས་ལུས་སུ་གྱུར་ཡོད་པར་མ་ཟད། རང་གི་ཕ་སའི་རིན་པོ་ཆེའི་གཏེར་ཁ་དང་། རང་བྱུང་ཐོན་རྫས་ཡོངས་རྫོགས་གཞན་ལག་ཏུ་ཤོར་ཞིང་། རང་ཉིད་མི་ཚེ་གང་བོ་གཞན་པའི་བྲན་གཡོག་ཏུ་གྱུར་ཀྱང་བྲན་གཡོག་གི་གནས་བབ་ཙམ་ཡང་ངོས་མི་ཟིན་པའི་བྲན་གཡོག་ལྐུག་པ་ཞིག་ཏུ་གྱུར་པ་རེད། རང་གི་ཕ་རབས་ཞང་བརྒྱུད་ནས་འཚོ་བའི་གཞི་རྟེན་གཙོ་བོ་ཡིན་པའི་རོང་པའི་ཞིང་ས་དང་འབྲོག་པའི་ཕྱུགས་ས་ཡོངས་རྫོགས་གཞན་པས་འཕྲོག་ཀྱང་མདོ་མེད་འགས་མིག་རྒྱང་གང་གི་ཁེ་ཕན་ཙམ་ལ་བསམས་ནས་ལས་གཞི་གཡོ་ཐབས་ཀྱི་ལས་གཞི་འདིར་དགའ་བསུ་བྱེད་ཀྱི་ཡོད་ཚོད་འདུག འདི་ཡང་ཤེས་ཡོན་སློབ་སྦྱོང་བྱེད་མ་མྱོང་བའི་རྐྱེན་གྱིས་ཡིན་པས། རང་གི་བུ་རབས་ཕྱི་མ་རྣམས་ཀྱང་འདི་ལྟར་མུན་ནག་གི་ཁུང་བུ་ཞིག་ཏུ་བརྫངས་ཕོད་དམ། ང་ཚོར་གཉའ་གནོན་འཕར་མ་ཞིག་ཡོད་པ་ནི་སྐབས་འཚོལ་རིང་ལུགས་པའི་བླ་རྫུས་གྲུབ་རྫུས་དག་ཡིན། ཁོང་ཚོས་བོད་མི་དད་ལྡན་པ་ཚོའི་ཁྲག་འཇིབ་པར་མ་ཟད་རུས་གསེང་གི་རྐང་ཡང་འཇིབ་ཐབས་བྱེད། ཆོས་དང་མཐུན་པ་དང་ངོ་མ་གྲུབ་པ་ཐོབ་པའི་སྐྱེས་བུ་དམ་པ་ཚོར་མཆོད་བསྙེན་ཞུ་བར་དགག་པ་ག་ལ་བྱེད་རུང་མོད། སྐབས་འཚོལ་རིང་ལུགས་པ་འདི་ཚོས་བོད་མི་དད་ལྡན་ཚོ་མགོ་སྐོར་བཏང་བ་ནི་བཟོད་བསྲན་དཀའ་བ་ཞིག་ཡིན། ཁོང་ཚོས་གཡོ་ཐབས་སྣ་ཚོགས་ཀྱིས་དད་ལྡན་པ་ཚོས་རྔུལ་ནག་གི་ཐིགས་པ་རེ་རེས་བསགས་པའི་རྒྱུ་ནོར་བླངས་ཏེ་རྒྱས་ཟ་རྒྱས་འཐུང་བྱེད་པ་དང་། ངོ་ཚ་མེད་པའི་བྱ་ངན་སྣ་ཚོགས་བྱས་ནས་གཏམ་ངན་རླུང་ལ་སྐུར་བཞིན་པ་འདི་ཡིན། མིག་ཟུང་བགྲད་ནས་རང་གིས་མཆོད་བཀུར་བྱེད་སའི་མི་དེས་ཅི་ཞིག་བྱེད་ཀྱི་ཡོད་པ་ཙམ་ལ་ལྟ་ཐུབ་ཀྱི་མེད་ཚོད་འདུག དད་པ་བྱེད་པ་ལ་ནོར་བ་མེད་ཀྱང་དད་པ་ལ་རྒྱུ་མཚན་དང་ཤེས་རབ་ཀྱི་རྒྱབ་ལྗོངས་ཡོད་པ་ངེས་པར་བྱ་དགོས། དེ་ལ་ཤེས་ཡོན་སློབ་སྦྱོང་མེད་རུང་བས་ང་ཚོའི་སྤྱི་ཡོངས་སློབ་སྦྱོང་དོན་གཉེར་ཅན་དུ་སྐུལ་སློང་བྱ་དགོས་པ་ཤིན་ཏུ་ཛ་དྲག་དང་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད། ང་ཚོའི་མི་རིགས་འདི་ཡར་རྒྱས་ལ་མདུན་བསྐྱོད་བྱེད་མི་ཐུབ་པའི་འགག་རྡོ་གཙོ་བོ་ཡང་ཤེས་ཡོན་སློབ་སྦྱོང་མེད་པས་ཡིན། ཚོར་བའི་བཟི་ཁས་རྐྱེན་པས་ཚིག་ངན་ཡང་རེ་ཟུང་ཤོར་བར་མཐོལ་བཤགས་ཞུ། རྐང་རྗེན་པའི་ཟིན་བྲིས།
མིའི་རིགས་ཡར་རྒྱས་ཀྱི་འགག་རྡོ་གཙོ་བོ། |
||
|
Copyright © 2010 དགེ་སློབ་གླེང་སྟེགས། - All Rights Reserved |
||
བསམ་ཚུལ་གང་མང་འདོན་པའི་རེ་བ་ཞུ།