རྕོམ་བསྐུར་ཡུལ།

_______བསིལ་ཆབ།_______ gtsude@yahoo.com
________འོད་ཟེར།_______ woeserg@yahoo.com
_____________________ དེབ་སྐྱེལ་བྱེད་སྟངས་དཀར་ཆག་"དེབ་སྐྱེལ་"ཞེས་པ་མནན་ནས་གཟིགས་རོགས་གནང།

འབྲེལ་ཡོད་ཤེས་བྱ།

དྲ་ཚིགས་གནས་ཚུལ་།

ད་ལྟ་དྲ་ཐོག་འདི་ན་མི་
ཡོད།

Click to get cool Animations for your MySpace profile
ཚེ་སྲོག་གི་འདུར་རྒྱུགས།

༼སྐད་ཆ་གསལ་པོ་རེ་བཤད་ནས་རྩོམ་ཡིག་སྤུས་དག་རེ་སྤེལ་རྒྱུ་ནི་གནད་འགག་རེད།༽

བཅར་འདྲི་བ༼ཁ་བ༽ དུས་དེབ།  ལན་འདེབས་པོ  རྡོ་རྗེ་དབང་ཕྱུག

      
༡ཐོག་མར་རང་ཉིད་མཚམས་སྦྱོར་ཞིག་བྱ་རོགས།
ང་རང་ནི་བོད་གཞིས་བྱེས་གཉིས་ཀའི་སྤྱི་ཚོགས་ནང་ནས་སློབ་སྦྱོང་བྱས་མྱོང་བ་ཞིག་དང༌། གཙོ་བོ་དེ་ས་རཱ་སློབ་གྲྭ་ནས་ལོ་གཉིས་ཀྱི་རིང་ལ་སློབ་སྦྱོང་བྱས་པ་དེ་ནི་མི་ཚེའི་ནང་གི་སློབ་གཉེར་གོ་སྐབས་ཡག་ཤོས་འདྲ་པོར་བརྩི་བཞིན་ཡོད། གང་ཡིན་ཟེར་ན། མཁས་དབང་རཀར་རིན་པོ་ཆེ་དང༌། ཞིང་གཤེགས་རྒན་དམ་པ་བློ་བཟང་རྒྱ་མཚོ་གཉིས་ཀྱིས་མཚོན་པའི་མཁས་པ་རྒན་རབས་པ་དང༌། ཡང་དགེ་བཤེས་རྒན་བསམ་གཏན་རྒྱ་མཚོ་ལགས་དང་རྒན་འཇམ་དཔལ་གྲགས་པ་ལགས་གཉིས་ཀྱིས་མཚོན་པའི་གཞོན་སྐྱེས་དགེ་བའི་བཤེས་གཉེན། དེ་བས་ཀྱང་རྒན་ཆབ་བྲག་ལྷ་མོ་སྐྱབས་དང་ཞིང་གཤེགས་རྒན་པ་སངས་གཉིས་བཅས་ཀྱིས་གནའ་དེང་ཤེས་ཡོན་ཟེར་ནའང་འདྲ། ཆོས་དང་རིག་གནས་ཟེར་ནའང་འདྲ། གང་ལྟར། རང་མགོ་ཐོན་པ་འདྲ་ཞིག་གི་སྤོབས་པ་འདིའི་འབྱུང་ཁུངས་ནི་ས་རཱ་སློབ་གྲྭ་ཡིན་པའི་ངོས་འཛིན་ཞུ་ཡི་ཡོད། ཡང་བཤད་རྒྱུ་གཅིག་ལ། ཉམས་མྱོང་དང་ལག་ལེན་ཟེར་ནའང་འདྲ། ད་ལྟའི་ཤེས་ཚད་ཀྱི་གཞི་རྐང་འདིའི་བརྒྱ་གང་འཚམ་ཞིག་ནི་ནོར་གླིང་བོད་ཀྱི་རིག་གཞུང་ཞིབ་འཇུག་ལྟེ་གནས་ནས་ལོ་བཅུའི་རིང་ལས་ཀ་བྱས་པའི་ལག་ཡོང་འདྲ་པོ་ཡིན་བསམ་བསྡད་ཡོད།

ཁྱེད་རང་ཐོག་མར་གང་གི་ཤུགས་རྐྱེན་ལ་བརྟེན་ནས་སྙན་ངག་གི་ཕྱོགས་ལ་དགའ་བ་དང་ག་དུས་ཤིག་ནས་རྩོམ་ཡིག་འབྲི་འགོ་བརྩམ་པ་ཡིན་ནམ།
ང་ལ་མཚོན་ན། རང་ཉིད་ཀྱིས་རྩོམ་ཡིག་ཅིག་འབྲི་ཤེས་ཀྱི་ཡོད་མེད་ལ་ཚོད་ལྟ་འདྲ་པོ་ཞིག་བྱས་པ་དང༌། དེར་ཚོད་ལྟའི་གནས་སྐབས་ནས་ལམ་འགྲོ་རྒྱུག་པ་ནི་ཕྱི་ལོ་ ༡༩༩༥ ལོ་རེད། དེ་དུས་ང་ཚོ་ས་རཱའི་སློབ་ཕྲུག་རེད་ལ། རྩོམ་རིག་གི་སློབ་ཚན་སྦྱོང་བཞིན་པའི་སྐབས་ཡིན་སྟབས། རྩོམ་འབྲི་བ་ནི་དཀའ་ལས་ཆེན་པོ་དང་རྙོག་དྲ་ཆེན་པོ་ཡིན་པའི་ཚོར་སྣང་ཡོད་པའི་སྒང་འདྲ་པོ་རེད། རྒན་ལྷ་མོ་སྐྱབས་ཀྱིས་རྩོམ་ཡིག་འབྲི་སྟངས་བསླབས་པ་རེད། དེ་དུས་ཁོང་གིས་ཁ་ཕྱོགས་ཤིག་བསྟན་པ་ནི། སེམས་ལ་གང་དྲན་ཁ་ནས་བཤད་པ་ནང་བཞིན་ཡིག་ཐོག་ལ་འབེབས་ཐུབ་དགོས་པ་རེད་ཅེས་གསུངས་མྱོང་བ་དེ་ནི། ད་ལྟ་བསམས་དུས་ལམ་སྟོན་རྩ་ཆེན་པོ་རེད་འདུག ངས་ལམ་སྟོན་འདི་རྩ་ཆེན་པོར་བརྩིས་ནས་རྩོམ་ཡིག་འབྲི་རྒྱུ་སྦྱངས་པ་ཡིན། སྦྱངས་ནས་རྩོམ་ཡིག་འབྲི་བར་དགའ་སྣང་ཡང་ཆེན་པོ་བྱུང༌། དགའ་སྣང་འདིའི་འོག་ནས་རྩོམ་ཡིག་ཟེར་ནའང་འདྲ། རྩོམ་འབྲིའི་སྦྱོང་བརྡར་དང་རྩོམ་ཡིག་སྤེལ་བ་གཉིས་ཀ་དུས་མཉམ་འདྲ་པོ་ཞིག་ཆགས་པ་རེད། འདི་ནི། ང་རང་རྩོམ་འབྲིའི་ལས་ལ་ཞུགས་པའི་བརྒྱུད་རིམ་རེད། ཐོག་མར་སྦྱོང་བརྡར་བྱེད་སྟངས་ལ་མཚོན་ན། ཚིགས་བཅད་འབྲི་བ་དང༌། ཡང་ཚིགས་བཅད་དུ་གང་བྲིས་པ་ཚིགས་ལྷུག་ཏུ་འབྲི་བ་སོགས་བྱས་ནས་སྦྱངས་པ་ཡིན། དྲང་མོར་བཤད་ན། ངས་དེ་དུས་རང་ཉིད་སྙན་ངག་རྩོམ་པ་པོ་ཞིག་ཡིན་སྣང་གི་སྤོབས་པ་ཐེངས་མང་པོར་བྱས་པ་ཡིན། ད་ལྟ་ཕྱིར་དྲན་གྱིས་བལྟས་ཡོང་དུས། དེ་དུས་ཀྱི་ངས་སྙན་ངག་ཙམ་ལས་གང་ཡང་འབྲི་ཤེས་མི་འདུག


ད་ལྟའི་བར་ཁྱེད་ཀྱིས་བརྩམས་ཆོས་དེབ་ག་ཚོད་ཅིག་བརྩམས་གནང་མཛད་ཡོད་པ་དང་མ་འོངས་པར་རྩོམ་རིག་གི་ཕྱོགས་ལ་ནུས་པ་ཅི་འདྲ་ཞིག་འདོན་འཆར་ཡོད་དམ།
ཉེ་བའི་ལོ་ངོ་བཅུའི་དུས་ཡུན་ནང༌། རྩོམ་ཡིག་ཟེར་ནའང་འདྲ། ཤོག་སྙིགས་ཟེར་ནའང་འདྲ། གང་ལྟར་ལག་པ་སྡོད་མ་ཚུགས་ནས་རྩོམ་ཡིག་མང་པོ་ཞིག་བྲིས་ཡོད་པའི་ཁུལ་ཡིན། ཡིན་ནའང༌། དེབ་ཅིག་ཏུ་ཕྱོགས་བསྒྲིགས་ཀྱི་རིན་ཐང་མི་འདུག་བསམས་ནས་ཕྱོགས་བསྒྲིགས་དང་དཔར་སྐྲུན་ལ་བསམ་བློ་བཏང་མ་མྱོང༌། གང་ཡིན་ཟེར་ན། རྩོམ་ཡིག་ནི་མུ་མཐུད་ཡར་རྒྱས་གཏོང་རྒྱུ་ཡོད་པ་ཞིག་ཡིན་སྟབས། དེབ་འདོན་པ་ལ་སྔ་གཞུག་གང་ཡང་ཡོད་པ་མ་རེད་བསམ་བསྡད་ཡོད། དེ་གནས་སྟངས་གཅིག་རེད།
ཡང་མ་འོངས་པའི་སྐོར་གྱི་དྲི་བ་དེ་རེད། ངས་བསམས་ན། ང་དང་ང་འདྲ་བ་ཞིག་ལ་མ་འོངས་པར་རྩོམ་རིག་གི་ཕྱོགས་ལ་ནུས་པ་འདོན་རྒྱུའི་དྲི་བ་འདི་འཇུག་ཡུལ་ཡོད་པ་མ་རེད། རྩོམ་པ་པོ་ཚད་ལྡན་ཚོའི་ཞབས་འདྲེན་མི་ཞུ་མཁན་ཞིག་དང༌། དགེ་རྒན་དྲིན་ཆེན་ཚོའི་བླ་མི་བསྒུལ་མཁན་ཞིག་བྱ་ཐུབ་པ་ཡིན་ན། དེ་ཙམ་གྱིས་འགྲིག་བསྡད་ཡོད་པ་རེད་དྲན་བསྡད་ཡོད། གཞན་རང་ཉིད་ལ་རེ་བ་ཆེན་པོ་ཅང་མེད།


ཁྱེད་རང་གི་བསམ་ཚུལ་ལ་ད་ལོར་རྩོམ་པ་པོ་རྣམས་ལ་དམིགས་བསལ་གྱི་འོས་འགན་གང་ཞིག་ཕྲག་ཏུ་བབས་ཡོད་པར་འདོད་དམ།
སྤྱིར་བཏང་གི་ཆ་ནས་བཤད་ན། རྩོམ་པ་པོའི་འོས་འགན་ཟེར་བ་དེར་ད་ལོ་དང་ན་ནིང༌། སང་ལོ་ཟེར་བའི་མཚམས་ཚིགས་ཤིག་ཡོད་ས་མི་འགྲོ་བ་ལྟ་བུ་རེད། གང་ཡིན་ཟེར་ན། རྩོམ་པ་པོ་ནི་སྤྱི་ཚོགས་ཀྱི་དགོས་འདུན་འཚོལ་མཁན་དང་དགོས་འདུན་སྒྲུབ་མཁན་གཉིས་ཀ་ཡིན་པ་འདྲ་པོ་རེད། དེ་ནི་འོས་འགན་ཡང་རེད། འདི་ལྟར་བལྟས་པས་ད་ལོར་དམིགས་བསལ་གྱི་འོས་འགན་ཞིག་ཡོད་པར་བཤད་མི་ཤེས་པ་འདྲ་པོ་རེད། ཡང༌། ཉེ་བའི་ཟླ་བ་གཅིག་ལྷག་གི་རིང་ནས་བོད་ཕྱི་ནང་གཉིས་ཀ་གནས་སྟངས་ཛ་དྲག་ཅིག་གི་སྒང་ལ་སླེབས་བསྡད་ཡོད་པ་རེད། འདིའི་ངོས་ནས་བལྟས་པ་ཡིན་ན། ད་རེས་རྩོམ་པ་པོ་ཚོས་དམིགས་བསལ་གྱི་ནུས་པ་ཞིག་འདོན་ཐུབ་དགོས་པ་དེ་གསལ་པོ་དང་གལ་ཆེན་པོ་གཉིས་ཀ་རེད། ཡིན་ནའང༌། དམིགས་བསལ་གྱི་ནུས་པ་ཟེར་དུས། ཚོར་སེམས་ཡོད་པ་ཙམ་གྱིས་འགྲིག་གི་ཡོད་པ་མ་རེད་ལ། ལར་ཞེན་ཡོད་པ་ཙམ་གྱིས་ཀྱང་འགྲིག་གི་ཡོད་པ་མ་རེད། ཛ་དྲག་གི་གནད་དོན་ལ་བལྟ་སྐབས་དྲང་བདེན་གྱི་དབྱེ་ཞིབ་ནུས་པ་ཞིག་དགོས་ཀྱི་ཡོད་པ་རེད། གང་ལྟར་ཡང་སྙིང༌། ཛ་དྲག་གི་གནས་སྟངས་འདི་ལོ་རྒྱུས་ཀྱི་ཟིན་ཐོའི་ནང་འགོད་པའི་འགན་དེ་བོད་ཀྱི་རྩོམ་པོ་ཚོར་ཡོད་པ་རེད་ལ། དེ་བས་ཀྱང་རང་དབང་ལུང་པའི་རྩོམ་པ་པོ་ཚོས་ཤུགས་རྒྱག་དགོས་པ་ཞིག་རེད་དེ། ཛ་དྲག་གི་གནས་སྟངས་འདིར། ང་འདྲ་བར་མཚོན་ནས་བཤད་ན། རང་ཉིད་ཀྱི་རྩོམ་རྩལ་དང་དབྱེ་ཞིབ་ནུས་པས་ཁྱོན་ནས་འདང་གི་མི་འདུག མཚམས་ལན་རེར། ད་རེས་ཛ་དྲག་གི་གནས་སྟངས་འདིས་ང་རང་ལ་ཡིག་ཚད་བཏང་ནས་ཚད་གཞི་ཞིག་གཞལ་སོང་བསམ་པ་ཞིག་བསམ་བློའི་ནང་འཁོར་འོང་གིན་འདུག


ཁྱེད་རང་བོད་ཀྱི་རྩོམ་པ་པོ་ཞིག་ཡིན་པའི་ཆ་ནས་ད་ལོར་བོད་ཁུལ་ཡོངས་ནས་ཞི་བའི་ངོ་རྒོལ་བྱས་པར་རྒྱ་ནག་གཞུང་གིས་དམར་གསོད་བྱས་པ་འདིས་ཁྱེད་རང་ལ་ཚོར་སྣང་ཅི་འདྲ་ཞིག་བྱིན་སོང་ངམ།
སེམས་ནང་དྲན་སྟངས་ཤིག་བཤད་པ་ཡིན་ན། བོད་མིའི་ཞི་བའི་ངོ་རྒོལ་ལ་རྒྱ་ནག་གཞུང་གིས་དམར་གསོད་ཀྱིས་ཁ་གཏད་བཅག་པ་རེད། དྲག་གནོན་འདིས་བོད་མི་མང་གིས་རྒྱ་ནག་གཞུང་ལ་རེ་འདུན་ཞིག་དང་རྣམ་འགྱུར་ཞིག་བསྟན་པ་དེ་ལ། རྒྱ་ནག་གཞུང་གིས་ཉན་འཇོག་གི་ཚབ་ཏུ་འཁོན་འཛིན་ཆེན་པོ་བྱས་པ་རེད། དགྲ་ཁ་གཏད་དུ་བཞག་ནས་འཁོན་འཛིན་བྱས་པ་རེད། འདིས་བོད་པ་ཚོར་ཕམ་ཁ་ཆེན་པོ་སྤྲད་ཡོད་ནའང༌། ཕམ་ཁའི་ཁྲོད་ནས་བོད་དོན་འདི་རྒྱལ་སྤྱི་ཅན་དུ་བསྒྱུར་སོང་བ་ནི། ད་རེས་ཀྱི་ཞི་རྒོལ་འདིའི་རྒྱལ་ཁ་ཆེན་པོ་ཞིག་རེད་ལ། བོད་ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་བའི་སྟོབས་ཤུགས་ཐེངས་གཅིག་ངོམ་སོང་བ་འདི་དེ་བས་ཀྱང་རྩ་ཆེན་པོ་རེད།


ཁྱེད་རང་གིས་ད་བར་དུ་སྙན་ངག་བྲིས་པའི་ཉམས་མྱོང་རགས་བསྡུས་ཤིག་གསུང་རོགས་གནང༌།
རེད། ངས་ད་བར་དུ་ཆད་མ་མཐུད་ཀྱིས་སྙན་ངག་བྲིས་པ་ཡིན། ཡིན་ནའང༌། སྙན་ངག་བྲིས་ཀྱིན་བྲིས་ཀྱིན་འབྲི་མི་འདོད་པ་ལྟ་བུ་ཞིག་ཆགས་སོང༌། ངའི་ཚོར་སྣང་ལ། སྙན་ངག་ནི་རྩོམ་ཡིག་འབྲི་བའི་གོམ་པ་དང་པོའི་སྐབས་སུ་ཚོར་ཤུགས་ཆེན་པོས་འབྲི་ཐུབ་པ་ཞིག་དང༌། དེ་ནས་རིམ་པས་འབྲི་འདུན་ཇེ་ཆུང་དང༌། མཚམས་ལན་རེར་ནི། རང་གིས་སྙན་ངག་འབྲི་བ་ལས་གཞན་གྱི་སྙན་ངག་བཀླགས་ན་བྲོ་བ་ཆེ་བ་འདྲ་ཞིག་ཆགས་འགྲོ་གི་འདུག་ལ། དེ་ནས་རིམ་པས་སྙན་ངག་འབྲི་བའི་འདུན་པ་འདྲ་པོ་ཇེ་ཆུང་ལ་འགྲོ་བསྡད་པ་འདྲ་ཞིག་རེད། སྙན་ངག་བྲིས་པའི་ཉམས་མྱོང་གི་ཆ་ནས་བྱས་ན། རང་མོས་སྙན་ངག་དང་སྲོལ་རྒྱུན་སྙན་ངག་གཉིས་ཀ་བྲིས་མྱོང་སྟེ། ད་ལྟ་བལྟ་དུས། རང་གིས་བྲིས་པ་རང་གིས་བཀླགས་ནའང་ཡིད་ཐང་ཆད་འགྲོ་བའི་སྙན་ངག་མང་པོ་འདུག དེ་ཚོ་ནི་ང་རང་གིས་རང་ཉིད་སྙན་ངག་པ་ཞིག་ཡིན་བསམ་པའི་སྤོབས་པ་མཐོ་དུས་བྲིས་པའི་སྙན་ངག་རེད། ངོ་མ། ཚད་གཞི་ལོན་པ་ཞིག་བྱུང་མི་འདུག


ཁྱེད་ཀྱིས་བལྟས་ན་སྒྱུ་རྩལ་སྙན་ངག་གིས་བོད་ཀྱི་ད་ལྟའི་སྤྱི་ཚོགས་འདིར་ཞབས་ཞུ་གང་འདྲ་ཞུ་ཐུབ་ཀྱི་འདུག་གམ།
སྒྱུ་རྩལ་སྙན་ངག་གིས་བོད་ཀྱི་ད་ལྟའི་སྤྱི་ཚོགས་ལ་ཞབས་ཞུ་གང་ཞུ་ཐུབ་ཀྱི་རེད་ལབ་ན། སྙན་ངག་ཀློག་མཁན་ག་ཚད་ཡོད་མེད་དེར་བལྟ་དགོས་ཀྱི་རེད། ག་ཚད་ཀྱིས་སྙན་ངག་ཀློག་མཁན་མང་བ་དང༌། བྲོ་བ་ངོ་མ་མྱོང་མཁན་མང་བ་དེ་ཚོད་ཀྱི་ཕན་ཞིག་ཐོགས་ཀྱི་རེད། ཡིན་ནའང༌། རྒྱ་ཆེ་ཆུང་གི་ཀློག་མཁན་གྱི་ཁོར་ཡུག་ནི་རྩོམ་པ་པོས་སྤེལ་བའི་སྙན་ངག་ཁོ་རང་ལ་རག་ལུས་བསྡད་ཡོད་པ་རེད། སྙན་ངག་ལེགས་པོ་ཞིག་ཡིན་ན། དེར་ནི་གནས་དུས་གང་རུང་ནས་ཀློག་མཁན་མང་པོ་ཡོང་གི་རེད་ལ། ཀློག་མཁན་གྱི་སྤྱི་ཚོགས་ལ་ཞབས་ཞུའི་ནུས་པ་ཞིག་ཀྱང་སླེབས་ཡོང་གི་རེད། དེ་མིན་ངས་སྙན་ངག་གིས་སྤྱི་ཚོགས་ལ་ཞབས་ཞུ་ཞུ་སྟངས་ཤིག་བཤད་ཤེས་ཀྱི་མི་འདུག


ཁྱེད་ཀྱིས་སྙན་ངག་འབྲི་བའི་དམིགས་ཡུལ་དེ་གང་འདྲ་ཞིག་ལ་ངོས་འཛིན་བྱ་ཡི་ཡོད་དམ།
ངས་སྙན་ངག་བྲིས་མྱོང་ལ། སྙན་ངག་པ་ཞིག་བྱ་རྒྱུའི་དམིགས་ཡུལ་བཟུང་ནས་སྙན་ངག་བྲིས་མྱོང་སྟེ། ད་ལྟ་བསམས་ན། ལོ་ན་ཆུང་སྐབས་སྙན་ངག་འབྲི་བ་ནི་སྦྱོང་བརྡར་ཞིག་དང༌། གོམ་སྟབས་ཙམ་ཞིག་རེད། གནད་དོན་འདི་ནི། མཁས་པ་རྒན་རབས་པའི་སྙན་ངག་དང་ན་གཞོན་སྙན་ངག་པར་ཁས་འཆེ་བ་ང་ཚོའི་སྙན་ངག་གི་ཡང་ལྕི་ལས་ཤེས་ཐུབ་པ་ཞིག་རེད།


ཁྱེད་རང་ནམ་རྒྱུན་རྩོམ་ཡིག་འབྲི་བའི་ཁྲོད་ནས་དཀའ་ངལ་གང་འདྲ་དག་ལ་འཕྲད་མྱོང་ངམ།
རྩོམ་ཡིག་ཅིག་འབྲི་བའི་བརྒྱུད་རིམ་ནི། དཀའ་ཚེགས་ཀྱི་བརྒྱུད་རིམ་ཞིག་རེད། ང་ལ་མཚོན་ན། དཀའ་ཚེགས་ཆེ་ཤོས་དེ་རྩོམ་གདན་མང་པོ་ཞིག་བཏིང་བ་དེ་ཚོ་དངོས་སུ་འབྲི་བའི་བརྒྱུད་རིམ་ནང༌། རྐྱོང་སྐུམ་སྣ་ཚོགས་ཤིག་བྱེད་དགོས་པ་དེ་ནི་དཀའ་ཚེགས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ལ། གཅིག་བྱས་ན། རང་ཉིད་ཀྱི་རྩོམ་རྩལ་གཉོམ་སོང་བས་ཡིན་ནམ། གང་ལྟར། བལྟ་རྒྱ་ཐོས་རྒྱ་མེད་པ་ཡིན་ན། ས་རྒྱ་ཆོད་པའི་རྩོམ་ཡིག་ཅིག་འབྲི་རྒྱུ་དཔེ་མི་སྲིད་པའི་ཁག་པོ་རེད། གནད་དོན་འདི་ནི། རང་ཉིད་ཀྱིས་རྩོམ་ཡིག་ཚད་ལྡན་འབྲི་མ་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ལ་ངོས་འཛིན་བྱེད་ཀྱིན་ཡོད།

༡༠ ཁྱེད་ཀྱིས་བལྟས་ན་བོད་སྐད་ལ་མི་རིགས་གཞན་པའི་སྐད་ཆའི་ཤན་ཤུགས་ཐེབས་བཞིན་པ་འདིས་བོད་ཀྱི་མ་འོངས་པའི་རྩོམ་རིག་གི་ཁ་ཕྱོགས་ཐད་ལ་ཤན་ཤུགས་གང་འདྲ་ཞིག་ཐེབས་ཀྱི་རེད་འདོད་དམ
བོད་སྐད་ལ་སྐད་རིགས་གཞན་གྱི་ཤུགས་རྐྱེན་ཐེབས་མི་ཐེབས་དང་རྩོམ་རིག་གི་ཁ་ཕྱོགས་གཉིས་ལ་འབྲེལ་བ་ཡོད་པ་མ་རེད་བསམ་གྱི་འདུག གང་ཡིན་ཟེར་ན། ཐ་སྙད་ཅིག་གིས་བསམ་བློ་དང་ཁ་ཕྱོགས་ལ་འགྱུར་བ་ཐེབས་གཞི་མེད་པ་རེད། དཔེར་ན། ད་ལྟ་ང་ཚོས་རྒྱུན་དུ་བེད་སྤྱོད་བྱེད་བཞིན་པ། སེང་གེ བསྐལ་བ། འཇུར་རྟ་སོགས་ནི་མི་རིགས་གཞན་གྱི་སྐད་ནས་ཟུར་ཆག་པའི་ཐ་སྙད་རེད། དེས་ང་ཚོའི་བསམ་བློ་དང་ཁ་ཕྱོགས་ལ་འགྱུར་བ་ཐེབས་བཅུག་ཡོད་པར་བཤད་ཐུབ་ཀྱི་མ་རེད། ཡིན་ནའང༌། དེ་སྔར་བོད་ལ་ཡོད་བཞིན་པའི་ཐ་སྙད་དེ་བེད་མ་སྤྱད་ནས་དེའི་ཚབ་ཏུ་ཐ་སྙད་གཞན་པ་ཞིག་བེད་སྤྱོད་བྱས་པའི་གནས་སྟངས་ཀྱི་འོག་ནས་ཐ་སྙད་ངོ་མ་དེ་བརླག་འགྲོ་ཡི་ཡོད་ན་ནི། དེའི་ངོས་ནས་རྩོམ་རིག་ལ་ཤན་ཤུགས་ཐེབས་དང་མི་ཐེབས་ཀྱི་གནད་དོན་ཞིག་བཙལ་ཆོག་པ་འདྲ་པོ་རེད།


༡༡ཁྱེད་ཀྱི་དགོངས་ཚུལ་ལ་བོད་ཀྱི་རྩོམ་པ་པོ་རྒན་གཞོན་གཉིས་ཀར་མ་འདང་བའི་ཆ་་གང་འདྲ་ཡོད་པར་འདོད་དམ།
ངའི་ངོས་ནས་རྒན་པ་ཚོར་མ་འདང་བའི་ཆ་ཡོད་པ་ཞིག་བཤད་རྒྱུ་མེད། ཐུགས་མཉམ་མ་བཞག་པའི་སྐྱོན་ཟེར་བའི་ཤོད་ཚུལ་ཞིག་ཡོད་པ་དེ་ནི་རྒན་པ་ཚོའི་མ་འདང་ས་སྟོན་པའི་ཚིག་ཅིག་ནི་རེད། གཞོན་པ་ཚོ་ནི་ཡར་རྒྱས་ཀྱི་ལམ་འགྲོ་བ་ལྟ་བུ་ཡིན་སྟབས། ཆད་ལྷག་བཤད་ནའང་མང་པོ་ཡོད་པ་རེད་ལ། རིང་ཐུང་ལབ་ནའང་མང་པོ་ཡོད་པ་རེད། མ་གཞི་ནས་སྦྱོང་བརྡར་གྱི་གོ་རིམ་ནི། ནོར་འཁྲུལ་ཡོ་བསྲང་གི་གོ་རིམ་ཞིག་ཆགས་བསྡད་ཡོད་པ་རེད། སྦྱོང་བརྡར་བ་ཞིག་གིས་སྦྱོང་བརྡར་བ་ཞིག་ལ་ཞུས་དག་གཏོང་ཐུབ་ཀྱི་མ་རེད། དེ་ཡིན་དུས། འདི་སྐོར་ལ་འདི་རེད་ཟེར་ཡག་ཅིག་ལབ་ཡག་མེད།


༡༢དེ་རིང་གི་བཅར་འདྲི་འདིའི་གོ་སྐབས་བརྒྱུད་ནས་ཁྱེད་རང་ལ་འཛམ་གླིང་རྩོམ་པོ་པོ་རྣམས་ལ་བོད་དོན་ཐད་ལ་འབོད་སྐུལ་གང་འདྲ་ཞུ་རྒྱུ་ཡོད་དམ།
རྩོམ་པ་པོ་ཟེར་བ་ནི། རང་ཉིད་ལ་ཚད་གཞི་ཞིག་དགོས་པ་དང༌། འོས་འགན་ཞིག་ཡོད་པའི་ངོས་འཛིན་གསལ་པོ་ཡོད་པ་ཞིག་ལ་གོ་དགོས་པ་ཡིན་སྟབས། དེ་འདྲའི་ཚད་གཞི་ལོན་པ་དག་ལ་དམིགས་བསལ་གྱི་འབོད་སྐུལ་ཞུ་ཡག་ཅང་མེད་དེ། བདེན་དོན་གཙིགས་སུ་བཟུང་ནས་རྩོམ་ཡིག་སྤེལ་མཁན་ནི་འཛམ་གླིང་ཧྲིལ་པོ་ལབ་ནའང་འདྲ། རང་ཉིད་ཀྱི་ཁོར་ཡུག་ལབ་ནའང་འདྲ། དཔེ་མི་སྲིད་པའི་གལ་ཆེན་པོ་ཡིན་པ་ཤེས་མཁན་ཞིག་ལ་ཟེར་གྱི་ཡོད་པ་རེད། དེ་ཡིན་དུས། དམིགས་བསལ་གྱིས་བོད་དོན་ཐད་ལ་ནུས་པ་སྤེལ་རོགས་ཞེས་ཞུ་དགོས་པ་ཡོད་པ་མ་རེད་བསམ་གྱི་འདུག


༡༣ངེད་ཁ་བ་དུས་དེབ་ཀྱི་བཅར་འདྲི་འདི་བརྒྱུད་ནས་ཁྱེད་རང་ལ་བོད་གཞིས་བྱེས་གཉིས་ཀྱི་རྩོམ་པ་པོ་རྣམས་ལ་འབོད་སྐུལ་གང་འདྲ་ཞུ་རྒྱུ་ཡོད་དམ།
སྐད་ཆ་གསལ་པོ་རེ་བཤད་ནས་རྩོམ་ཡིག་སྤུས་དག་རེ་སྤེལ་རྒྱུ་ནི་གནད་འགག་རེད། གཞན་ཅང་ཞུ་རྒྱུ་མེད།             

Comments are closed.

visitors