མི་ལོ་ལྔ་བཅུ་ལྷག་གི་བཞུད་ལམ་ལ་ཕྱིར་མིག་ཅིག་བལྟས་ཚེ། བོད་མི་རིགས་ཀྱི་སྲོག་རྩར་གྱུར་བའི་སྐད་དང་ཡི་གེ་འདི་ལ་ཕྱི་ནང་གི་རྐྱེན་སྣ་ཚོགས་ཞིག་གིས་ཉམ་ཆག་ཕྱིན་ཡོད་ལ། དེ་དག་སླར་གསོ་བྱེད་པའི་ཐབས་ལམ་གཅིག་རང་ཡོད་པ་ནི་བོད་ཀྱི་སྐད་ཡིག་སྤྱོད་པའི་མི་རབས་གསར་བ་སྐྱེད་བསྲིངས་བྱེད་རྒྱུ་དེ་ཡིན། དེ་ནི་ད་ལྟའི་སློབ་གྲྭའི་སློབ་གསོ་དང་ཐད་ཀར་འབྲེལ་ཡོད་པས། མ་འོངས་པར་བོད་ཀྱི་སྐད་དང་ཡི་གེ་སྤྱོད་པའི་བོད་མིའི་སྤྱི་ཚོགས་ཚད་ལྡན་ཞིག་བསྐྲུན་རྒྱུ་ནི་ང་ཚོ་ཚང་མའི་ལས་འགན་ཡིན་ལ། དེ་ནི་དགེ་རྒན་གཅིག་བུ་ལ་རག་ལས་པ་ཞིག་ཀྱང་མ་ཡིན་དེ། ཕྱར་བ་གྲུ་འདེགས་ཀྱི་དཔེ་ལྟར་བོད་ཀྱི་རྩོམ་པོ་རྣམས་ཀྱིས་ཀྱང་བྱིས་སྒྲུང་དང། བྱིས་པའི་བརྙན་དེབ། དེ་བཞིན་བྱིས་པའི་ལོ་ཚོད་ལ་དཔག་པའི་བརྩམས་ཆོས་གང་མང་སྤེལ་ཐུབ་ན། སློབ་ཕྲུག་གི་ལྟ་ཀློག་ལ་རམ་འདེགས་རྒྱ་ཆེན་པོ་བྱེད་ཐུབ་སྙམ།
དེས་ན་གུས་པས་ཉམས་མྱོང་ལྡན་པའི་དགེ་རྒན་ཟུར་པ་རྣམས་དང། དངོས་སུ་སློབ་ཕྲུག་གི་ཆེད་དུ་སྐུ་ངལ་སྐྱོན་བཞིན་པའི་རླབས་ཆེན་གྱི་དགེ་རྒན་རྣམ་པ་དང་། དེ་བཞིན་མཁྱེན་དཔྱོད་མཁའ་ལྟར་ཡངས་པའི་བོད་ཀྱི་ཤེས་ཡོན་པ་དང་སྙན་ངག་པ་རྣམས་ཆེད་དུ་གདན་འདྲེན་ཞུས་ནས། མ་འོངས་བོད་ཀྱི་སོན་རྩ་རྣམས་ལ་བོད་ཀྱི་སྐད་ཡིག་སློབ་ཁྲིད་དང་བགྲོ་གླེང་བྱེད་པའི་(འཛིན་ཁང་གསར་བ་)ཞིག་བསྐྲུན་ཡོད་ལགས་ན། ཚང་མས་༸གོང་ས་མཆོག་གི་དགོངས་གཞི་དང་བོད་གཞུང་གི་ལངས་ཕྱོགས་དང་མི་འགལ་བའི་ཐོག་ནས་ཕན་པའི་རྩོམ་ཡིག་དང་དཔྱད་བརྗོད། ཁྲིད་ཐབས་ཀྱི་མན་ངག་སོགས་གང་མང་སྤེལ་གནང་ཡོང་བ་ཞུ།
དམིགས་ཡུལ།1. ༸གོང་ས་མཆོག་གི་དགོངས་གཞི་ལྟར་སློབ་ཕྲུག་ལ་ཤེས་ཡོན་ཚད་ལྡན་ཞིག་ཡོང་བ།
2. སློབ་ཕྲུག་རྣམས་ཀྱིས་བོད་ཡིག་འབྲི་སྦྱོང་གི་གོམས་གཤིས་བསྐྱེད་བསྲིངས་བྱེད་རྒྱུ།
3. སློབ་ཕྲུག་རྣམས་ལ་ཚད་ལྡན་རྩོམ་པ་པོ་མང་པོས་ལམ་སྟོན་དང། དེ་དག་གི་བརྩམས་ཆོས་དག་ལ་ལྟ་ཀློག་ཐུབ་པ།
4. དགེ་རྒན་ཕན་ཚུན་བར་སོ་སོའི་སློབ་འཁྲིད་ཐབས་ལམ་གྱི་ལེགས་ཆ་སྤེལ་རེས་དང། ཉེས་ཆ་སྐྱོན་སེལ་བྱེད་པའི་ཟམ་པ་ལྟ་བུ་ཞིག་གནང་རྒྱུ།
5. སློབ་ཕྲུག་གི་སེམས་ཁམས་འཚར་ལོངས་ཆེད་སློབ་ཚན་ཁོ་ན་མིན་པར། བསམ་ཚུལ་སྣ་མང་གིས་མིག་རྒྱ་བསྐྱེད་རྒྱུ།
6. ༸གོང་ས་མཆོག་གི་དགོངས་གཞི་དང་བོད་གཞུང་གི་ལངས་ཕྱོགས་དང་མི་འགལ་བའི་ཐོག་ནས་བསམ་ཚུལ་བརྗེ་རེས་བྱེད་རྒྱུ།
7. མདོར་ན། སློབ་ཕྲུག་རྣམས་བོད་ཀྱི་ཆོས་དང་རིག་གཞུང་ལ་རྒྱུས་མངའ་ཡོད་པའི་བོད་ཞེན་ཆེ་བ་ཞིག་དང། བོད་སྐད་དང་བོད་ཡིག་གཙང་མ་སྤྱོད་པའི་བོད་མི་ཚད་ལྡན་ཞིག་ཡོང་བ་ནི། དྲ་ཚིགས་འདི་བསྐྲུན་པའི་དགོས་དམིགས་ཡིན་ཞེས་པའོ།
འདིའི་ནང་སྤེལ་མི་ཆོག་པ།
༡༽ སྐྱེ་བོ་སྒེར་དང་གཞུང་ལ་དམོད་ཚིག་དང་འཆལ་གཏམ་སྤེལ་མི་ཆོག
༢༽ མི་རིགས་དང་སྐད་ཡིག་གླེང་རྒྱུ་ལས་སྒེར་དོན་རྐྱང་བ་གླེང་ན་མི་འོས།
༣༽ འཆལ་སྤྱོད་ཀྱི་སྐད་ཆ་རིགས་སྤེལ་མི་ཆོག
༤༽ སློབ་ཕྲུག་གི་རྩོམ་ཡིག་ལ་དགོས་ངེས་ཀྱི་བསམ་འཆར་དང་ལམ་སྟོན་གནང་རྒྱུ་ལས་སེམས་ཤུགས་ཆག་པའི་རིགས་མ་སྤེལ།
༥༽ དགེ་སློབ་དང་དེ་ཙམ་འབྲེལ་བ་མེད་པའི་དཔྱད་རྩོམ་རིགས་མ་སྤེལ་ན་ལེགས།
༦༽ སློབ་ཕྲུག་གི་སྦྱང་བརྩོན་དང། གཤིས་སྤྱོད་བཟང་པོ། མི་རིགས་དང་སྐད་ཡིག་ལ་དུང་བའི་སེམས་པ་དཀར་པོར་ནམ་ཡང་ཕོག་ཐུག་མི་གཏོང་བར་མཁྱེན།
རྩོམ་ཡིག་རྣམས་གཤམ་གྱི་ཁ་བྱང་ཐོག་བསྐུར་རོགས།
gtsude@yahoo.com
_____________དགེ་སློབ་གླེང་སྟེགས་རྩོམ་སྒྲིག་པས།
ཡིག་མཛོད་འདིའི་ནང་དུ་ད་དུང་རྩོམ་གསར་བ་མེད།
ཡིག་མཛོད་འདིའི་ནང་དུ་ད་དུང་རྩོམ་གསར་བ་མེད།
ཡིག་མཛོད་འདིའི་ནང་དུ་ད་དུང་རྩོམ་གསར་བ་མེད།
ཡིག་མཛོད་འདིའི་ནང་དུ་ད་དུང་རྩོམ་གསར་བ་མེད།
______འཇིགས་བྱེད་སྒྲོལ་མ།
ལོ་བཅུ་ཕྲག་འགའི་རིང་བརྒྱུད་པའི་སློབ་ཁྲིད་ཀྱི་བསམ་བློའི་རྒྱུན་ནི་ཐོས་པ་སྟེར་བ་དང་དཔེ་ངོས་གྱི་ནང་དོན་འགྲེལ་བཤད་བྱེད་རྒྱུ་དེ་སློབ་ཁྲིད་ཀྱི་བྱེད་ཕྱོགས་གཙོ་བོ་ཞིག་ཏུ་འཛིན་བཞིན་ཡོད་པ་ལས། སློབ་མའི་རིག་པ་བསྐྱེད་པ་དང་གསར་གཏོད་ཀྱི་ནུས་པ་སྐྱེད་བསྲིང་བ་གལ་དུ་མ་བཟུང་བ་རེད།
ད་ལྟ་ང་ཚོས་སློབ་ཁྲིད་བྱེད་བཞིན་པའི་བསླབ་དེབ་ནང་སྒྱུར་རྩོམ་ཅུང་མང་བས་སློབ་མས་སློབ་འདོད་མེད། ཅིའི་ཕྱིར་ཞེ་ན། བོད་ཡིག་ཏུ་སྒྱུར་སྐབས་དེའི་ཁྱད་དུ་འཕགས་པའི་རྩོམ་སྟངས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཐུབ་མེད་པ་དང༌། སློབ་མའི་འཚོ་བའི་ཁྲོད་དུ་དངོས་སུ་མྱོང་མི་ཐུབ་པ་དང་མཐོང་མི་ཐུབ་པ་གཉིས་ཀྱི་རྐྱེན་ལ་བརྟེན་
ནས་སློབ་མར་སྦྱོང་བའི་འདུན་པ་མེད་པར་གྱུར་བ་རེད། དེ་བས་དེང་སྐབས་གསར་དུ་བསྐྲུན་པའི 《བོད་ཀྱི་བྱིས་པའི་རིག་གནས 》བསླབ་དེབ་བློ་གསལ་འཇུག་ངོགས་ཞེས་པའི་བསླབ་དེབ་དེ་འཁྲིད་ན་བཟང་སྙམ། བསླབ་དེབ་དེ་ལྟ་བུ་ནི་བོད་རང་གི་སྲོལ་རྒྱུན་རིག་གནས་སྐོར་གྱི་གཏམ་དཔེ་དང་རྟ་ནོར་ལུག་གསུམ་གྱི་རྣམ་གཞག་སོགས་ཡིན་པས། འདི་དག་ནི་སློབ་མ་རྣམས་ཀྱིས་དངོས་སུ་མཐོང་ཐུབ་པས་སྔོནགྱི་བསླབ་དེབ་དང་བསྡུར་ན་ཁྱད་པར་ཧ་ཅང་ཆེ། ལྷག་པར་དེབ་དེའི་ནང་དུ་བོད་ཀྱི་ལོ་རྒྱུས་རང་བཞིན་ལྡན་ལ་ཚིག་སྦྱོར་བརྗོད་བདེ་ཞིང་ནང་དོན་ཡང་གོ་སླ་བའི་སློབ་ཆུང་སློབ་མ་ལ་མཚོན་ན་འོས་ཤིང་འཚམ་པ་ཞིག་ཡིན་པར་གདོན་མི་ཟའོ། །
གཅིག ཁྲིད་ཐབས་གསར་བ་ལ་བརྟེན་ནས་སློབ་མའི་རྨང་གཞི་ཡོན་ཚད་མཐོར་འདེགས་བྱེད་པ།
༡ འབྲི་སྦྱོང་བྱེད་པ།
འབྲི་སྦྱོང་གི་ཆ་ནས་འབྲི་དེབ་སྟེང་གི་ལས་བྱ་ཁོ་ནར་མི་བརྟེན་པར་སློབ་མའི་སེམས་ཁམས་དང་བསྟུན་པ་དང་སློབ་གསེང་གི་དུས་ཚོད་བེད་སྤྱད་དེ་སྣ་མང་གི་འབྲི་སྦྱོང་སྦྱོང་བརྡར་བྱས་ན། ཁོ་ཚོས་རང་གིས་རང་ལ་ཁ་ལོ་བསྒྱུར་བའི་སྣང་བ་འཆར་ནས་སློབ་སྦྱོང་བྱེད་རྒྱུར་སུན་སྣང་མི་སྐྱེས་བར་མ་ཟད། སློབ་སྦྱོང་གི་སྤྲོ་སྣང་ཡང་ཇེ་ཆེར་འགྲོ་སྲིད།
༢ སྐད་ཆར་ཉན་པ་དང་བཤད་པ།
སློབ་ཆུང་སྐབས་ཀྱི་སྐད་ཆ་ཉན་བཤད་སྦྱོང་བརྡར་ནི་ལྟ་ཀློག་དང་རྩོམ་འབྲིའི་ནུས་པ་བསྐྱེད་པ་དང་རིག་སྟོབས་འཕེལ་བའི་ཐབས་ལམ་ཞིག་རེད། སློབ་ཁྲིད་སྐབས་སློབ་མ་རྣམས་ཀྱིས་གཞནགྱི་ཁ་བརྡའི་ནང་དོན་དེ་རང་གིས་ངག་ཐོག་ནས་བཤད་ཐུབ་པ་དང༌། ཡིག་ཐོག་གི་བརྗོད་ལུགས་དང་མི་འདྲ་སའི་ཆ་དེ་རང་གིས་བསམ་གཞིགས་
བྱེད་ཐུབ་པར་བྱ་དགོས།
༣ཀློག་འདོན་བྱེད་སྟངས།
དེ་ཡང་མང་ཆེ་བས་ཀློག་འདོན་ཤེས་རྗེས་སློབ་མ་རེ་རེར་ཀློག་འདོན་བྱེད་དུ་འཇུག་དགོས་ལ་ཀློག་འདོན་བྱེད་སྐབས་སྒྲ་དག་ཅིང་གཅོད་མཚམས་གསལ་དགོས། ཀློག་འདོན་བྱས་པ་བཟང་པོའི་སྐོར་ལ་བཟང་སྟོད་བྱེད་པ་དང༌། མི་བཟང་བའི་སྐོར་ལ་ཐད་ཀར་ནོར་བཅོས་བྱེད་པ་ལས་སྡིགས་བྱེད་མི་ཉན།དེ་ལྟར་བྱས་ན་བརྩོན་སེམས་ལ་རྨས་
ཕོག་འགྲོ་བས་གནོད་པ་ཧ་ཅང་ཆེ།
གཉིས། སློབ་ཁྲིད་འཆར་གཞི་ཁོང་དུ་ཆུད་པར་བྱེད་པ།
དེ་ཡང་དགེ་རྒན་ཞིག་ཡིན་ཕྱིན་ཐོག་མར་བསླབ་དེབ་ལ་བྱང་ཆ་ལྡན་དགོས་པ་དང་དེ་ནས་རིམ་བཞིན་སློབ་ཁྲིད་ནང་དོན་དང་སློབ་ཁྲིད་གོ་རིམ་ལེགས་པོར་གཏན་ལ་འབེབས་དགོས།
༡ སློབ་ཁྲིད་དམིགས་ཡུལ།
དེ་ནི་སློབ་ཁྲིད་རྩ་གནད་གྱི་བླང་བྱ་ལྟར་སློབ་སྦྱོང་ལས་འགན་ཡོངས་འགྲུབ་བྱ་དགོས།
༢དཀའ་གནས།
སློབ་ཚན་དེའི་བརྗོད་བྱ་དང་སྦྱང་གཞིའི་གནད་ཆེ་ས་དང་ཐ་སྙད་གཙོ་བོ་སོགས་དཀའ་གནད་རྣམས་གོ་རིམ་མི་འཁྲུགས་པར་གསལ་བོར་ཟིན་ཐོར་འགོད་དགོས།
༣ སློབ་ཁྲིད་བློ་ལ་འཇུག་བདེ་ཞིང་རིག་པའི་རྩལ་ཁ་འབྱེད་ཐབས་ལེགས་པོ་དང་ཁྲིད་ཆོས་བཀོལ་སྤྱོད་གང་ལེགས་བྱེད་དགོས།
༤ ཉུང་ཁྲིད་མང་སྦྱོང་གི་ཁྲིད་ཐབས་བཀོལ་བ་དང༌། སློབ་མར་སིན་སྣང་དང་ངལ་དུབ་མི་འབྱུང་བའི་འཆར་གཞི་ཟིན་ཐོར་བཀོད་ཚེ་སློབ་མར་ལེ་ལོའི་སེམས་ཁམས་མི་བྱུང་བ་དང་སློབ་ཁྲིད་ཀྱི་བརྒྱུད་རིམ་ལ་འཇུག་བདེ་བའི་སྤྲོ་བ་བསྐྱེད་ངེས་ཡིན།
༥ རྩོམ་པ་པོའི་བསམ་བློའི་བརྩེ་དུང་ཡང་དག་པ་ངོས་འཛིན་བྱས་ཏེ། སློབ་ཚན་གྱི་བརྗོད་བྱ་གཙོ་བོ་སློབ་མའི་སེམས་ཁམས་སུ་འཇགས་པར་བྱེད་དགོས།
༦ སློབ་ཁྲིད་ཀྱི་བརྒྱུད་རིམ་དང་སློབ་ཚན་ནང་དོན་གྱི་གོ་རིམ་སོགས་བརྒྱུད་རིམ་ལྡན་ཞིང་གནད་དུ་ཁེལ་དགོས།
༧ བསྐྱར་སྦྱོང་དང་སྔོན་སྦྱོང་ནི་སློབ་མའི་རྨང་གཞི་ཇེ་བརྟན་དུ་གཏོང་བྱེད་ཡིན་པས། བསྐྱར་སྦྱོང་བྱེད་སྐབས་སློབ་ཚན་གྱི་བརྗོད་སྙིང་གནད་ལ་ཁེལ་བའི་འདྲི་གཞི་འདོན་དགོས། སྔོན་སྦྱོང་སྐབས་དགེ་རྒན་གྱིས་བརྗོད་བྱ་གནད་ལ་ཁེལ་བའི་གནད་དོན་ཁ་ཤེས་བསྒྲིགས་ཏེ་སྔོན་སྦྱོང་གི་ཁ་ཕྱོགས་གསལ་བོ་སྟོན་དགོས།
༨ སློབ་ཚན་གྱི་བརྗོད་དོན་དང་བརྩེ་དུང་གི་ཁྱད་ཆོས་འབུར་དུ་ཐོན་ཐུབ་པར་བྱ་དགོས་པར་མ་ཟད། མིང་གི་དོན་དང་འཕྲོས་དོན། བརྗོད་དོན། ཚིག་གི་ལྕི་ཡང་སོགས་སློབ་མའི་གསལ་བོ་རྟོགས་ཐུབ་པར་བྱ་དགོས།
༩ སློབ་ཁང་སློབ་ཁྲིད་གཙོ་བོར་བཟུང་བའི་ཐོག་ད་དུང་སློབ་མར་སློབ་གསེང་བྱ་འགུལ་ལའང་དོ་སྣང་བྱེད་པར་བསྐུལ་ཏེ། སློབ་མའི་ཉན་བཤད་འབྲི་ཀློག་སོགས་ཀྱི་ནུས་བ་སྐྱེད་སྲིང་བྱ་འོས།
༡༠ སློབ་མའི་ཡིག་གཟུགས་ལེགས་མིན་ནི་དགེ་རྒན་གྱིས་སྒོ་སམ་སྟེང་ལ་ཡི་གེ་འབྲི་སྐབས་ནན་ཏན་སྒོས་ཡིག་གཟུགས་ལེགས་པོ་འབྲི་བར་རག་ལས། ལྷག་པར་དུ་སློབ་ཆུང་སློབ་མ་ལ་མཚོན་ན་དགེ་རྒན་གྱི་ཡིག་གཟུགས་ལ་ལད་མོ་བྱེད་སྲིད།
གཞན་ཡང་སློབ་ཚན་གྱི་ནང་དོན་གཙོ་བོ་དང་དཀའ་གནད་སོགས་དྲི་བའི་ཚུལ་བསྐྱར་བཤད་ཐེངས་གཅིག་བྱས་ན་སློབ་ཁྲིད་ལ་ཉན་འདོད་མེད་པའི་སློབ་མའི་ཤེས་རྟོགས་ལ་རམ་འདེགས་བྱེད་ཐུབ། སློབ་ཚན་གྱི་བརྗོད་སྙིང་དང་གཙོ་གནད་ངེས་པར་ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་སྤྱི་སྡོམ་བྱེད་དགོས། ཐབས་སྣ་ཚོགས་ཀྱིས་བློ་སྐྱེད་དང་བགྲོ་གླེང་བྱས་ཏེ། སོ་སོར་རང་གི་ལྟ་བ་བཤད་དུ་འཇུག་པ་ཤིན་ཏུ་གལ་ཆེ། དེ་ལྟར་བྱས་ན་སློབ་མའི་བསམ་གཞིག་དང་དཔྱད་པ། དབྱེ་ཞིབ་ཕྱོགས་སྡོམ་སོགས་ཀྱི་ནུས་པ་སྐྱེད་སྲིང་བྱེད་ཐུབ།ལས་བྱ་འཇོག་སྐབས་སློབ་མའི་རིག་སྒོ་འབྱེད་པ་དང་སྦྱང་གཞིའི་གཙོ་གནད། སློབ་ཚན་གྱི་བརྗོད་སྙིང་རྟོགས་པར་ཕན་པའི་སྐོར་གསལ་འདེབས་ཅི་ཐུབ་བྱེད་དགོས།
རྩོམ་ཁུངས། དགེ་འདུན་ཆོས་འཕེལ་དྲ་བ།
དེང་སང་ང་རང་ཚོ་བོད་ནང་ལ་རྒྱ་མིའི་ངོས་ནས་བོད་པའི་ཆོས་དང་རིག་གཞུང་ཐོག་མཐོང་ཆུང་ཁྱད་བསད་བྱས་པས་མ་ཚད། ཇི་སྲིད་བོད་ཀྱི་ཆོས་དང་རིག་གཞུང་ཐུན་མོང་མ་ཡིན་པ་དེ་གནས་པ་དེ་སྲིད་དུ་བོད་ཁ་བྲལ་ལ་འགྲོ་རྒྱུའི་ཉེན་ཁ་ཡོད་པར་བལྟས་ཏེ་ཧ་ལམ་འཆར་གཞི་ལྡན་པའི་ཐོག་ནས་མེད་པ་བཟོ་རྒྱུའི་རྣམ་འགྱུར་ཐོན་གྱི་འདུག
དེ་འདྲ་ཞིག་གི་དུས་ཚོད་ལ་ང་ཚོ་བཙན་བྱོལ་བའི་སློབ་ཕྲུག་ཚོས་བོད་ཡིག་དང༌། ང་ཚོའི་བོད་ཀྱི་རིག་གཞུང་ལ་དམིགས་བསལ་གྱི་དོ་སྣང་བྱས་ཏེ་སློབ་སྦྱོང་བྱེད་རྒྱུ་གལ་ཆེན་པོ་འདུག སྐབས་རེ་ང་ཚོ་རྒྱ་གར་ནང་གི་སློབ་གྲྭའི་བོད་ཡིག་གི་གནས་ཚད་ཞན་པོ་ཡོད་པའི་གནས་ཚུལ་ཐོན་པ་དེ་ཧ་ཅང་ཐབས་སྐྱོ་པོ་རེད། ང་ཚོས་བོད་ཀྱི་ནང་ང་ཚོའི་ཆོས་དང་རིག་གཞུང་རྩ་མེད་འགྲོ་གི་འདུག་ཅེས་འཛམ་གླིང་གི་སྒང་ལ་སྐད་འབོད་བྱེད་ཀྱི་ཡོད་ཀྱང༌། རང་དབང་ལུང་པའི་ནང་ལ་ཡོད་པའི་བོད་ཕྲུག་ཚོས་བོད་ཡིག་ལ་དོ་སྣང་དང༌། དང་དོད་མ་བྱས་པར་བོད་པའི་ཤེས་ཚད་དང་རིག་གཞུང་སྐྱོ་པོ་ཆགས་པ་ཡིན་ན་རྒྱ་མིར་བཤད་ས་གང་ཡང་བསྡད་མ་སོང་ངམ། དེས་ན་ང་ཚོ་རང་དབང་ལུང་པའི་ནང་ལ་ཡོད་པའི་སློབ་ཕྲུག་ཁྱེད་རང་ཚོས་དམིགས་བསལ་གྱི་བོད་ཡིག་ལ་དོ་སྣང་བྱེད་དགོས་ཀྱི་འདུག །
༡༩༩༧ ལོའི་ཟླ་༡༡ ཚེས་༢༢ ཉིན་མ་སུ་རི་སློབ་ཕྲུག་ཚོར་སྩལ་བའི་བཀའ་སློབ་ལས་བཏུས།།
མཆན་མང་ཤོས་ཀྱི་རྩོམ།